དར་མ་ཚོའི་སློབ་སྦྱོང་དང་གོ་སྐབས།

༡༽ སྐད་ཡིག་གཉིས་པ་དབྱིན་སྐད་སྦྱོང་བའི་གོ་སྐབས།
ནིའུ་ཡོག་བོད་པའི་ཞབས་ཞུ་ལྟེ་གནས་ཁང་གིས་ལོ་ན་བཅོ་བརྒྱད་ཡན་གྱི་དར་མ་ཚོའི་ཆེད་དུ། དབྱིན་ཡིག་གི་རྨང་གཞིའི་འཛིན་གྲྭ་དང་། འབྲིང་རིམ་གྱི་འཛིན་གྲྭ་ཁག་གཉིས་ཀྱི་ནང་དུ་དབྱིན་ཡིག་ཀློག་སྟངས་དང་འབྲི་སྟངས་སློབ་ཁྲིད་བྱེད་བཞིན་ཡོད་ལ། དབྱིན་སྐད་གོ་རྟོགས་ཐུབ་པ་དང་། དབྱིན་སྐད་ཀྱི་སྒྲ་གདངས་ཡར་རྒྱས་ཡོང་སླད། དབྱིན་སྐད་ལ་ཉན་པ་དང་། དབྱིན་སྐད་ཀྱི་བཀའ་མོལ་དངོས་སུ་གནང་སྟེ་སྤྱི་ཚོགས་ཁྲོད་ཀྱི་ཉིན་རེའི་བྱེད་སྒོ་ཁག་གདེང་ཚོད་ཡོད་པའི་ཐོག་ནས་དབྱིན་སྐད་བསྐྱོན་ཐུབ་པ་ཞིག་གནང་བར་འབད་པ་བྱེད་བཞིན་ཡོད།

༢༽ མཐོ་སློབ་ཡིག་རྒྱུགས་ཀྱི་གྲ་སྒྲིག་འཛིན་གྲྭ།
སློབ་ཚན་འདི་ནི་མཐོ་རིམ་སློབ་གྲྭར་གསར་དུ་འཛུལ་ཞུགས་བྱེད་བཞིན་པའི་སློབ་ཕྲུག་ཚོའི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན། མཐོ་རིམ་སློབ་མ་ཚོས་སྒེར་ངོས་ནས་གྲ་སྒྲིག་བྱེད་དགོས་པའི་མཐོ་རིམ་སློབ་གྲྭའི་སྦྱང་གཞི་གཙོ་བོ་ལྔ་སྟེ། རྩོམ་བྲིས་དང་། ཨང་རྩིས། སྤྱི་ཚོགས་ཚན་རིག རྩོམ་རིག ཚན་རིག་སོགས་ལ་བསྐྱར་སྦྱོང་དང་། གཞན་ཡང་ཆེ་མཐོང་དང་མིང་གྲགས་ཡོད་པའི་མཐོ་སློབ་ཁག་ཏུ་མ་ཞུགས་སྔོན་གྱི་སློབ་ཕྲུག་ཚོའི་སྔོན་འགྲོའི་སློབ་སྦྱོང་གི་ནུས་ཤུགས་ཡར་རྒྱས་གཏོང་འདོད་ཡོད་པའི་སློབ་ཕྲུག་ཚོར་འོས་འཚམས་ཀྱི་སློབ་གཞི་ཁག་སྦྱོང་བརྡར་སྤྲོད་བཞིན་ཡོད།

༣༽ ཨ་རིའི་མི་སེར་གྱི་རྒྱུགས་སྤྲོད་ལ་གྲ་སྒྲིག་དང་སྦྱོང་བརྡར།
སྦྱང་གཞི་འདི་ནི་ཨ་རིའི་མི་སེར་གྱི་ཡིག་རྒྱུགས་སྤྲོད་པར་ཆ་ཤས་ལེན་མཁན་དག་གིས་གྲ་སྒྲིག་བྱེད་དགོས་པའི་སྡེ་ཚན་ཞིག་ཡིན། འདིའི་ནང་གི་སྦྱང་གཞི་གཙོ་བོ་ཨ་རིའི་གཞུང་དང་། སྤྱི་ཚོགས། ཨ་རིའི་ལོ་རྒྱུས། ས་ཁམས་རིག་པ་སོགས་སྦྱང་སྟེ་འབྲི་ཀློག་རང་སྐྱ་འཕེར་བ་ཞིག་ཡོང་ཐབས་བྱེད་དགོས། གཞན་ཡང་ཡིག་རྒྱུགས་ཀྱི་ཆ་ཤས་ནང་བཅར་འདྲི་ཡག་པོ་ཞིག་ཡོང་སླད་ཡིག་རྒྱུགས་གཏོང་སྟངས་ལ་སྦྱོང་བརྡར་གང་ལེགས་སྤྲོད་བཞིན་ཡོད།

༤༽ གློག་ཀླད་ཀྱི་རྨང་གཞིའི་འཛིན་གྲྭ།
གློག་ཀླད་ཀྱི་འཛིན་གྲྭ་འདིའི་ནང་ཐོག་མར་གློག་ཀླད་བྱེད་སྦྱོད་གཏོང་སྟངས་ཀྱི་རྒྱུན་ཤེས་ཁག་དང་། གློག་ཀླད་ཀྱི་རྨང་གཞི་ལག་བསྟར་བྱེད་ཕྱོགས། གློག་ཀླད་ནང་ཡི་གེ་གཏགས་སྟངས། ཡིག་ཆ་ཉར་སྟངས། དྲ་རྒྱ་བེད་སྤྱོད་གཏོང་སྟངས། གཞན་ཡང་གློག་འཕྲིན་གྱི་ཁ་བྱང་བདག་ཉར་གནང་མེད་རིགས་ལ་ཁ་བྱང་གསར་བཟོ་དང། དེ་སྔ་གློག་ཀླད་ཀྱི་ཤེས་ཡོན་དང་ཉམས་མྱོང་མེད་རིགས་ལ་དགོས་མཁོ་ཡོད་པའི་རྩ་བའི་ཐབས་ལམ་གལ་ཆེན་དག་སྦྱོང་བརྡར་གྱིས་མཐུན་རྐྱེན་སྦྱོར་བཞིན་ཡོད།