གཞོན་སྐྱེས་དང། ཕྲུ་གུ།

༡༽ བསྐྱར་སྦྱོང་དང་ཟུར་ཁྲིད།
སློབ་ཕྲུག་ཆེ་ཆུང་སུ་ཡིན་ཡང་རང་ཉིད་ཀྱི་སློབ་ཚན་དེར་བསྐྱར་སྦྱོང་གིས་འབྲི་ཀློག་གཉིས་ཀྱི་ནུས་རྩལ་གོང་མཐོང་གཏོང་སླད། སློབ་ཕྲུག་གཅིག་ལ་ཟུར་བསྟེན་དགེ་རྒན་གཅིག་གམ། ཡང་ན་ཚོགས་ཆུང་རེ་ལ་ལམ་སྟོན་གནང་མཁན་གྱི་དགེ་རྒན་སོགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད། ཟུར་ཁྲིད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། སློབ་གཞིའི་ཤེས་ཡོན་ཁག་ལ་རྩོད་ལེན་བྱེད་པར་སློབ་ཕྲུག་ཚོར་རོགས་རམ་འཕར་མ་དགོས་རིགས་ལ་དམིགས་པ་ཞིག་ཡིན།

༢༽ འཛིན་གྲྭ་གྲོལ་རྗེས། ནང་སྦྱོང་ལ་གཞོགས་འདེགས་བྱེད་པ།
སློབ་མ་ཞིག་གི་རྒྱུད་ལ་རིག་གནས་དང་ཤེས་བྱ་ལེགས་པོ་ཞིག་འབྱོར་མིན་ནི། དགེ་རྒན་གྱིས་ཉིན་རེར་བསླབ་པའི་སློབ་ཚན་ཁག་ལ་དོ་སྣང་གྱིས་དེར་བརྡར་ཤ་ཆོད་ཡོད་མེད་ལ་འབྲེལ་བ་ཏན་ཏན་ཡོད། དགེ་རྒན་གྱིས་ལམ་སྟོན་གནང་བ་ཡིད་ལ་ངེས་པའི་ཐོག་ནས། ཕྱིར་རང་ཁྱིམ་དུ་ཡོང་ནས་དུས་ལྟར་ནང་སྦྱོང་དངོས་སུ་བྲིས་ཏེ་ལག་ལེན་ཐོག་འགེལ་ཐུབ་པ་བྱེད་རྒྱུ་གལ་འགངས་ཆེ་ཤོས་དེ་ཡིན་པས། ནང་སྦྱོང་བྱེད་སྐབས་སློབ་ཚན་སོ་སོའི་ནང་དོན་ཐད་མཛུབ་སྟོན་དང་གཞོགས་འདེགས་གནང་རྒྱུ་གལ། དེ་བས་སློབ་ཕྲུག་ཚོའི་ནང་སྦྱོང་འབྲི་བར་འདི་ནས་རོགས་རམ་དང་ལམ་སྟོན་བྱེད་བཞིན་ཡོད།

༣༽ དབྱར་ཁའི་གུང་གསེང་སྐབས་ཀྱི་འཛིན་གྲྭ།
ཨ་རིའི་ཡུལ་དུ་བོད་ཀྱི་སློབ་ཕྲུག་ཚོར་རེས་གཟའ་ཉི་མའི་བོད་ཀྱི་སློབ་གྲྭ་ཙམ་ལས། ཟུར་དུ་བོད་ཀྱི་རིག་གཞུང་དང་གོམས་གཤིས་སོགས་སྦྱོང་སའི་བོད་ཀྱི་སློབ་གྲྭ་ཁེ་གཙང་ཞིག་མེད་པར་བརྟེན། ཨ་རིར་འཚར་ལོངས་འབྱུང་བཞིན་པའི་བོད་ཀྱི་གཞོན་སྐྱེས་མང་དག་ཅིག་ལ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། གོམས་སྲོལ་བཟང་པོ་སོགས་ཉམས་ཉེས་ཀྱི་ཉེན་ཚབས་ཆེ་བ་སོགས་ལ་གཞིགས་ནས། བོད་ཕྲུག་ཚོར་ནང་ཁུལ་གྱི་འབྲེལ་འདྲེས་ཇེ་ལེགས་དང་། མཐུན་སྒྲིལ་གྱི་གོམ་ཁ་ཇེ་བརྟན་དུ་གཏོང་རྒྱུ་ནི། ང་ཚོས་གཞོལ་དུ་མེད་པའི་ལས་འགན་ཉག་གཅིག་ཏུ་བརྩིས་ཏེ། བདེ་སྐྱིད་བོད་ཀྱི་སློབ་གྲྭའི་ངོས་ནས་ཟླ་ངོ་གཉིས་ཀྱི་སློབ་ཕྲུག་ཚོའི་གུང་གསེང་དང་སྟབས་བསྟུན་ནས་དབྱར་ཁའི་འཛིན་གྲྭ་ཞིག་བཙུགས་པ་ཡིན། ཟླ་ངོ་གཉིས་ཀྱི་དུས་ཡུན་ནང་བོད་ཕྲུག་ནང་ཁུལ་གྱི་འབྲེལ་ལམ་བཟང་པོའི་སྟེང་བོད་ཀྱི་སྐད་ཡིག་གི་འབྲི་ཀློག་གི་རྨང་གཞི་ཇེ་ལེགས་དང་། བོད་ཀྱི་ཁྱད་ཆོས་ཡོད་པའི་གླུ་དབྱངས་དང་ཞབས་བྲོ།་རོལ་དབྱངས་སོགས་ཟུར་ཁྲིད་བྱ་རྒྱུ།
གཞན་ཡང་ཨ་རིའི་ནང་གི་རིག་གཞུང་དང་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཁག་ལ་བལྟ་སྐོར་དུ་ཁྲིད་དེ་བལྟ་རྒྱ་མཐོང་རྒྱ་ཇེ་ཡངས་དང་། མདོར་ན། དུས་རབས་ཀྱི་རྗེས་ཟིན་པའི་བོད་ཕྲུག་འདབ་གཤོག་གཉིས་ལྡན་ཞིག་ཡོང་པར་གཞོགས་འདེགས་ཞུ་བཞིན་ཡོད།

༤༽གཞོན་སྐྱེས་ཤེས་ཡོན་ཅན་དང་། སྣེ་ཁྲིད་བྱེད་མཁན་གསོ་སྐྱོང་།
འདི་ག་བོད་ཀྱི་ཞབས་ཞུ་ལྟེ་གནས་ཁང་ནས། ཚོགས་སྡེ་ཁག་ནས་རྩེར་སོན་བྱུང་ཞིང་ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བོད་ཀྱི་གཞོན་སྐྱེས་དང་། གཞན་གྱིས་ཆེ་མཐོང་དང་གུས་ཞབས་བྱེད་བཞིན་པའི་མི་སྣ་གལ་ཆེན། སྤྱི་ཚོགས་དང་འབྲེལ་འདྲེས་ཟབ་མོ་ཡོད་པའི་རྒན་པ་ཉམས་མྱོང་ཅན། རིག་གཞུང་དང་སྐད་ཡིག་ཆེད་མཁས་གང་དག་སུ་ཡོད་གདན་འདྲེན་ཞུས་ཏེ། དེ་དག་གི་ཉམས་མྱོང་དང་། སྣེ་ཁྲིད་བྱེད་སྟངས། འགན་འཁུར་དང་དུ་ལེན་སྟངས། སྤྱི་ཚོགས་ནང་མཉམ་ཞུགས་གནང་སྟངས། ཤེས་བྱ་རིག་གནས་ལ་ཐོལ་བརྒལ་བྱེད་སྟངས། རང་གཞན་ཀུན་ལ་གུས་ཞབས་དང་ཆེ་མཐོང་སླེབས་སྟངས། ཚོགས་སྤྱི་དང་མཐོ་སློབ་ཁག་ཏུ་འཛུལ་ཞུགས་གནང་སྟངས། འཕྲོད་བསྟེན་དང་ཟས་བཅུད་བསྟེན་ཕྱོགས། དཀའ་ངལ་དང་ལེན་གནང་སྟངས་སོགས་ཉམས་མྱོང་ཕུན་སུམ་ཚོགས་པ་ཚུར་ལེན་གྱིས་མིག་དཔེར་འཛིན་ཐུབ་པར་གོ་སྒྲིག་ཞུ་བཞིན་ཡོད།

༦༽ (SONYC) སློབ་འབྲིང་གི་ལས་རིམ།
SONYC ཞེས་པ་ནི་སློབ་འབྲིང་གི་གཞོན་སྐྱེས་ཚོ་སློབ་ཐོན་རྗེས་སུ་འཆར་གཞི་ལེགས་བཅོས་ཡོང་བར་དམིགས་ནས། ནིའུ་ཡོག་མངའ་སྡེ་གཞུང་གི་ཡར་རྒྱས་ལྷན་ཁང་དང་ན་གཞོན་ཚོགས་པ་ཟུང་ནས་མཐུན་རྐྱེན་གསོལ་རས་སྦྱོར་བཞིན་པ་ཞིག་རེད། གཞོན་ནུ་ཚོ་སློབ་འབྲིང་ཐོན་རྗེས་ལས་གཞི་གཙོ་བོ་དམིགས་གཏད་ས་ནི་ཤེས་བྱ་རིག་གནས་དང་སྒྱུ་རྩལ་གོང་སྤེལ་གཏོང་དགོས། རང་ཉིད་ཀྱི་འདོད་བློ་ཡོད་པའི་ཤེས་བྱར་དཔྱད་ཞིབ་དང་གསར་གཏོད་སླད་གོ་སྐབས་དང་མཐུན་རྐྱེན་བཟང་པོ་སྐྲུན་བཞིན་ཡོད་པ་དམ་འཛིན་བྱེད་ཐུབ་དགོས།
དེ་བས་སློབ་ཕྲུག་ཚོ་ཚོགས་སྡེ་འདྲ་མིན་ནང་འཛུལ་ཞུགས་ཀྱི་གདམ་ག་དང་། སྒྱུ་རྩལ་མི་འདྲ་བའི་ནུབ་ལུགས་ཀྱི་དེང་རབས་ཞབས་བྲོ་Hip Hopསོགས་ཚུད་པའི་བོད་ཀྱི་ཞབས་བྲོ། གནའ་དེང་ཟུང་འབྲེལ་གྱི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས། ཐང་གའམ་རི་མོའི་སྒྱུ་རྩལ། གློག་བརྙན། བཟོ་བཀོད་འདྲ་མིན་སོགས་ཡོད། ཚོགས་ཆུང་འདིས་འབྲི་ཀློག་གི་ཤེས་བྱ་ནས་ཚན་རིག་ལག་རྩལ་སོགས་ང་ཚོའི་སློབ་ཕྲུག་ཚོར་སྤྲོ་དགའི་ངང་ནས་ཉམས་མྱོང་དང་སྦྲགས་ཏེ་རོགས་འདེགས་བྱེད་བཞིན་ཡོད།

༧༽ རྒྱའི་སྐད་ཡིག་འཛིན་གྲྭ།
བདུན་ཕྲག་གཅིག་གི་ནང་ལ་གཞོན་སྐྱེས་ཚོར་རྒྱའི་སྐད་ཡིག་གི་རྨིང་གཞིའི་འཛིན་གྲྭ་ཞིག་གོ་སྒྲིག་བྱས་ཡོད། འཛིན་གྲྭ་འདིའི་ནང་གཙོ་བོ་རྒྱའི་སྐད་ཡིག་གི་འབྲི་ཀློག་གཉིས་ཀའི་རྨིང་གཞིའི་སྟེང་ནས་། རྒྱའི་སྤྱི་སྐད་གཙོར་བཟུང་གིས་རྒྱུན་སྤྱོད་ཀྱི་བཀའ་མོལ་གནང་སྟངས་སློབ་ཁྲིད་གནང་བཞིན་ཡོད་པས། རྒྱ་ནག་གི་སྐད་ཡིག་ཤེས་འདོད་ཡོད་པའི་རྒན་གཞོན་སུ་ཞིག་འཛིན་གྲྭར་མཉམ་ཞུགས་གནང་ཚེ་མཐུན་རྐྱེན་སྤྲོད་བཞིན་ཡོད།