ང་ཚོའི་ལོ་རྒྱུས།

ཚོགས་པའི་ངོ་བོ།
༄༅།།ནིའུ་ཡོག་བོད་པའི་ཞབས་ཞུ་ལྟེ་གནས་ཁང་འདི་ནི་ཨ་རིའི་གཞུང་ལ་དེབ་སྐྱེལ་གྱི་ཨང་གཞུང་501 (C) (3)བརྒྱུད་དེ་ཚད་ལྡན་གྱི་དེབ་སྐྱེལ་བྱས་ཤིང་ཁེ་འབབ་མེད་པའི་ཤེས་ཡོན་དང་རིག་གཞུང་གཅེས་སྐྱོང་བྱེད་པའི་ཚོགས་པ་ཞིག་ཡིན།

དམིགས་ཡུལ།
༡༽ནིའུ་ཡོག་གྲོང་ཁྱེར་ནང་འཚོ་སྡོད་གནང་བཞིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་བོད་པ་སྐྱབས་བཅོལ་བ་ཚོར། ཨ་རིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་། དཔལ་འབྱོར་གྱི་འདུ་འགོད། མི་རེའི་འཚོ་བ་ཡར་རྒྱས་གཏོང་ཕྱོགས་སོགས་ལ་ལམ་སྟོན་དང་ཞབས་ཞུ་འབུལ་རྒྱུ།
༢༽ཧི་མ་ལ་ཡའི་རིག་གཞུང་དང་། བོད་པའི་རིག་གཞུང་གཅེས་སྐྱོང་དང་ཉར་ཚགས་ཀྱིས་ཡར་རྒྱས་གཏོང་ཐབས་བྱ་རྒྱུ།

ང་ཚོའི་ལོ་རྒྱུས།
བདེ་སྐྱིད་ཉིན་མོའི་སློབ་གྲྭ་འདི་ཉིད། ཐོག་མར་རང་དང་ཁྱིམ་མཚེས་ཚོར་ཕན་པའི་སློབ་གྲྭ་ཆུང་ཆུང་ཞིག་འགོ་འཛུགས་བྱས་པ་ནས། ད་ལྟ་སྤྱི་ཚོགས་ཞིག་ལ་ཕན་པའི་སློབ་གྲྭ་ཞིག་གི་ངོ་བོར་གྱུར་ཡོད། ༢༠༠༥ལོར་བདེ་སྐྱིད་སྔོན་འགྲོའི་སློབ་གྲྭ་དེ། ཨ་རིར་འཚར་ལོངས་འབྱུང་བཞིན་པའི་བོད་ཀྱི་ལོ་ཆུང་བྱིས་པ་ཚོར། བོད་པའི་རིག་གཞུང་གི་ངོ་བོ་མ་བརླག་པའི་ཐོག་ཨ་རིའི་གནས་ཚད་ཡོད་པའི་སྔོན་འགྲོའི་སློབ་གྲྭ་ཆུང་ཆུང་ཞིག་འགོ་འཛུགས་བྱས་ནས། རིམ་བཞིན་རྒྱ་བསྐྱེད་བཏང་སྟེ་ད་ལྟ་གཏན་འཇགས་ཀྱི་ལས་བྱེད་བཅོ་ལྔ་ཙམ་དང་། མི་རིགས་འདྲ་མིན་ཡོད་པའི་སློབ་མ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་ཞིག་ཏུ་འཕེལ་རྒྱས་བྱུང་། ཨ་མ་དབྱངས་འཛོམས་ལགས་བོད་དུ་སློབ་ཆུང་གི་དགེ་རྒན་གནང་མྱོང་ཡོད་པས། ༢༠༠༧ལོར་ཨ་མ་ལགས་ནས་ཟུར་དུ་ཐོག་མར་བོད་ཕྲུག་ཁག་ཅིག་ལ་བོད་ཡིག་སློབ་ཁྲིད་གནང་བས། བོད་ཡིག་སྦྱོང་མཁན་སློབ་མ་ཡང་རིམ་བཞིན་མང་དུ་ཕྱིན།
༢༠༠༩ལོར་རིན་མེད་དབྱར་ཁའི་བོད་ཡིག་སློབ་གྲྭ་ཐོག་མར་འགོ་འཛུགས་ཞུས་པ་ནས། ལོ་ལྟར་དབྱར་ཁར་བོད་ཡིག་འཛིན་གྲྭ་དང་། རེས་གཟའ་ཉི་མར་བོད་ཡིག་སློབ་ཁྲིད་བྱེད་བཞིན་པ་རེད། དེར་བརྟེན། རིམ་བཞིན་སློབ་ཕྲུག་ཚོའི་ཕ་མར་འབྲེལ་བ་བྱུང་བ་དང་། ཕ་མ་ཚོའི་དཀའ་ངལ་མང་དག་ཅིག་ཀྱང་རིམ་བཞིན་ཤེས་རྟོགས་བྱུང་བས། དེ་དག་ལ་མཐུན་འགྱུར་རོགས་རམ་ཞུས་པ་ནས་རྒྱ་བསྐྱེད་བཏང་སྟེ། ༢༠༡༢ལོར་ཨ་རིའི་གཞུང་ལ་དེབ་སྐྱེལ་གྱིས་ཁེ་འབབ་མེད་པའི་ཤེས་ཡོན་གྱི་ཚོགས་པའི་ངོ་བོར་དེབ་སྐྱེལ་ཞུས་ནས། ད་ལྟ་སྐད་སྒྱུར་དང་། ཡིག་སྒྱུར།་ལས་ཀ་འཚོལ་བའི་རོགས་རམ། ལས་ཀའི་ཟབ་སྦྱོང་སོགས་སྤྱི་ཚོགས་ཞབས་ཞུའི་ལས་རིམ་སོགས་ཡོད་པའི་སྡེ་ཚན་ཞིག་ཡིན།