ཞབས་ཞུའི་སྡེ་ཚན།

༡༽ བདེ་སྐྱིད་རེས་གཟའ་ཉི་མའི་བོད་ཡིག་སློབ་གྲྭ།
ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་ཞབས་ཞུ་ལྟེ་གནས་ཁང་ནས། བོད་ཀྱི་གཞོན་སྐྱེས་ཚོར་ཆེད་དུ་དམིགས་ནས་རེས་གཟའ་ཉི་མའི་བོད་ཀྱི་སྐད་ཡིག་གི་འཛིན་གྲྭ་ཞིག་ཆེད་གཉེར་གནང་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་གནང་རྒྱུ་གལ་ཆེན་དུ་བརྩིས་ནས་སློབ་ཕྲུག་དང་། དགེ་རྒན། རིག་གཞུང་ལ་དོ་སྣང་ཡོད་མཁན་ཚོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱལ་རབས་ལོ་རྒྱུས། ཆོས་འབྱུང་། དེང་དུས་དང་སྲོལ་རྒྱུན་གྱི་རི་མོ། གཞས་སྣ་འཁྲབ་སྟོན་སོགས་ཟུར་ཁྲིད་བྱེད་བཞིན་ཡོད། རྩིས་ཐང་ཆེ་བའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ཨ་རིའི་རིག་གནས་སོགས་སློབ་ཕྲུག་ཚོར་སྦྱོར་བརྡར་སྤྲད་ནས། སྐད་ཡིག་གཉིས་ལྡན་གྱི་བོད་ཀྱི་སློབ་མ་མང་དག་ཅིག་བསྐྱེད་བསྲིངས་ཡོང་བར་འབད་བཞིན་ཡོད།

༢༽ རོལ་དབྱངས་དང་གཞས་སྣ་འཛིན་གྲྭ།
རོལ་དབྱངས་ནི་འབུད་རྡུང་དཀྲོལ་གསུམ་གྱི་སྒྲ་སྙན་པོ་སྙོམས་སྒྲིག་བྱེད་དགོས་པ་ཞིག་ཡིན་ལ། སྒྲ་དེ་ལས་བྱུང་བའི་དབྱངས་ཀྱི་འགྱུར་ཁུག་རེ་རེས་མི་རྣམས་ཀྱི་བསམ་པའི་སྣང་བ་དང་འཚོ་བ་མཚོན་པའི་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན་པས། བོད་མི་རིགས་ནི་རོལ་དབྱངས་དང་། གླུ་གར། ཞབས་བྲོ་སོགས་ལ་དགའ་བའི་མི་རིགས་སྣང་བ་སྐྱིད་པོ་བྱེད་མཁན་ཞིག་ཡིན་པར་བརྟེན། ལོ་གསར་དང་། དུས་ཆེན། སྤྲོ་འཛོམས་སོགས་སུ་བོད་མི་རྣམས་ཀྱིས་སྐྱིད་པའི་གཞས་དང་། དགའ་བའི་གར། སྙན་པའི་རོལ་དབྱངས་སོགས་ལོངས་སུ་སྤྱད་དེ་དགའ་སྤྲོ་ཆེན་པོའི་འཚོ་བ་སྐྱེལ་སྟངས་དམིགས་བསལ་བ་ཞིག་ཡོད།
དེ་བས་ཡུལ་ལུང་གཞན་དུ་ལས་བྲེལ་གྱིས་འཚར་ལོངས་འབྱུང་བཞིན་པའི་ང་ཚོའི་མི་རབས་གསར་བ་ཚོས་ཀྱང་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་དགའ་སྣང་བྱེད་སའི་རོལ་དབྱངས་ཀྱི་རིགས་དང་། དགའ་སྐྱོ་ཆགས་སྡང་གི་ཚོར་བ་མཚོན་པའི་གླུ་གཞས་འདྲ་མིན། ལུས་ཀྱི་སྟངས་སྟབས་སྣ་ཚོགས་བསྒྱུར་བའི་གར་དང་ཞབས་བྲོ་སོགས་སྦྱོང་བརྡར་བྱེད་རྒྱུ་གལ་འགངས་ཧ་ཅང་ཆེ། ལྷག་པར་མཐུན་རྐྱེན་དང་རྒྱས་སྤྲོས་ཆེ་བའི་ཨ་རི་གྲོང་ཁྱེར་གྱི་གླུ་གར་གྱི་སྡིངས་ཆ་དང་། གར་སྟེགས་བརྗིད་པོ་དག་ཏུ་བོད་མི་རིགས་ཀྱི་རོལ་དབྱངས་དང་། གླུ་གར། ཞབས་བྲོ་སོགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱ་ཁྱབ་ཏུ་བཏང་ནས་འཛམ་གླིང་མི་རིགས་ཀྱི་རྗེས་ཟིན་པ་ཞིག་བྱེད་རྒྱུ་གནད་ཀྱི་དོན་པོ་ཡིན་པས། རྒན་གཞོན་དང་ཕོ་མོ་དབྱེ་བ་མེད་པར་འཛུལ་ཞུགས་ཀྱིས་སྦྱོང་བརྡར་གནང་བའི་མཐུན་རྐྱེན་སྦྱོར་བཞིན་ཡོད།

༣༽ ཐང་ག་འབྲི་བའི་འཛིན་གྲྭ།
བོད་ཀྱི་ཐང་ག་འབྲི་བའི་དུས་ཡུན་ཧ་ཅང་རིང་ཞིང་། སྤྱི་ལོ་དུས་རབས་བརྒྱད་པའི་གོང་ནས་བོད་དུ་ཐང་ག་འབྲི་སྲོལ་དར་ཡོད་པར་གྲགས། ཐང་ག་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ནས་གསར་གཏོད་བྱུང་བའི་རི་མོའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན། བོད་མི་རིགས་ཀྱི་ཁྱད་ཆོས་དང་རིག་གཞུང་གི་ངོ་བོ་མཚོན་པའི་བོད་ཀྱི་སྲོལ་རྒྱུན་གྱི་རི་མོའི་སྒྱུ་རྩལ་ནི་འཛམ་གླིང་གི་མི་རིགས་གཞན་དག་གི་རི་མོ་འབྲི་ཐབས་དང་མི་འདྲ་བའི་ཁྱད་ཆོས་དུ་མའི་ཕྱུག་པ་ཞིག་ཡིན། ཐང་གའི་རས་གཞི་དང་། ཐང་གའི་ཚོན་སྡེབ་སྟངས། ཐང་གའི་ནང་དོན། བཟོ་དབྱིབས་སོགས་མི་འདྲ་བའི་ཐང་གའི་རིགས། དམར་ཐང་དང་། ནག་ཐང་། བསྙེན་ཐང་། གོས་ཐང་། གྱན་ཐང་། ཞལ་ཐང་། རྟེན་ཐང་། འདྲ་ཐང་། སྐུ་ཐང་། མུ་ཏིག་ཐང་ག ཉིན་ཐང་། སྐྱ་ཐང་། གསེར་ཐང་། འཚེམ་ཐང་། དམ་ཐང་སོགས་ཧ་ཅང་མང་།
དེ་བས་བོད་ཀྱི་ཐང་ག་དང་རི་མོའི་སྒྱུ་རྩལ་གྱི་བྲིས་རྒྱུན་བཟང་པོ་མི་ཉམས་གོང་སྤེལ་ཡོང་སླད། ཐང་ག་བཞེངས་བའི་ཆེད་ལས་དགེ་རྒན་གོ་སྒྲིག་གིས་ཐང་གའི་རྨང་གཞི་ནས་ལག་རྩལ་རྩེར་སོན་བར་ཐང་གའི་འབྲི་རྩལ་གསོ་སྐྱོང་གནང་གི་ཡོད། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ཆོས་འབྱུང་། རྣམ་ཐར། སྐྱེས་རབས། གོམས་སྲོལ། ཆས་གོས་སོགས་མཚོན་པའི་ཐང་ག་དང་རི་མོའི་སྒྱུ་རྩལ་གྱི་འཛིན་གྲྭར་ལོ་ན་རྒན་གཞོན་སུ་ཡིན་ཡང་འཛུལ་ཞུགས་ཀྱིས་དེབ་སྐྱེལ་བྱེད་ཆོག་པ་ཡིན།

༤༽ བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཚོགས་པ།
ཨ་ཅེ་ལྷ་མོ་ནི་དུས་རབས་བཅུ་བཞི་བའི་སྤྱི་ལོ་༡༣༨༥ཙམ་དུ།་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་འཁྲབ་གཞུང་གི་སྒྱུ་རྩལ་ཞིག་ཡིན། དེ་ནི་སྐྱེས་ཆེན་དག་གི་རྣམ་ཐར་དང་། ལྷ་སྒྲུང་གི་རྣམ་པའི་གར་འཆམ། གདངས་དབྱངས། འགུར་མ་སོགས་ཆ་ལུགས་ལྡན་པའི་འཁྲབ་གཞུང་རིག་གནས་ཤིག་ཡིན་ཞིང་། དབུས་གཙང་ཁུལ་དུ་ཧ་ཅང་དར་སྲོལ་ཆེ་བས། ཞོ་སྟོན་སྐབས་ས་ཁུལ་སོ་སོའི་ཟློས་གར་ཚོགས་པས་འཁྲབ་སྟོན་བྱེད་སྲོལ་ཡོད། ༧གོང་ས་ལྔ་བ་ཆེན་མོའི་སྐབས་ནས་གླུ་གར་གྱི་རྣམ་པའི་ཐོག་ནས་རྩོམ་རིག་དང་སྒྲུང་གཏམ་ནང་དོན་དུ་བྱས་པའི་སྣེ་མང་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ཞིག་ཏུ་འཕེལ་རྒྱུས་བྱུང་བ་རེད།
དཔེར་ན།《གཟུགས་ཀྱི་ཉི་མ་》དང་། 《འགྲོ་བ་བཟང་མོ།》《རྒྱ་བཟའ་ཀོང་ཇོ།》《སྣང་ས་འོད་འབུམ།》《པད་མ་འོད་འབར་།》《གཅུང་པོ་དོན་ཡོད་དོན་གྲུབ།》《ཆོས་རྒྱལ་དྲི་མེད་ཀུན་ལྡན།》《ཆོས་རྒྱལ་ནོར་བཟང་》སོགས་འཁྲབ་གཞུང་གཙོ་བོ་བྱེད་བཞིན་ཡོད། དེ་དག་མི་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་སླད་། ལྷ་མོའི་འཁྲབ་གཞུང་ལ་རྒྱུས་མངའ་ཅན་གྱི་དགེ་རྒན་གདན་འདྲེན་གྱིས་རྒན་གཞོན་མེད་པར།་བོད་ཀྱི་གནའ་རབས་འཁྲབ་གཞུང་གི་སྒྱུ་རྩལ་དང་དེང་དུས་ཀྱི་སྡིངས་ཆ་གསར་བའི་མཛེས་ཆོས་གཉིས་ཟུང་འབྲེལ་གྱིས་ལྟད་མོ་བ་རྣམས་ལ་ཡིད་འགུགས་ཀྱིས་ཟློས་གར་འཁྲབ་སྟོན་དང་སྦྱོང་བརྡར་སྤྲོད་བཞིན་ཡོད།

༥༽ གཏམ་བརྗོད།
གཏམ་བརྗོད་ནི་ལུས་ངག་གི་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བའི་སྣང་བརྙན་གསོན་པོར་སྟོན་ཐུབ་པ་ཞིག་ཡིན་ཞིང་། ངག་གིས་སྐད་རིགས་འདྲ་མིན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པའི་གཏམ་སྣ་ཚོགས་སྨྲ་བ་ལ་ཐོགས་པ་མེད་པ། ལུས་ཀྱིས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མཐའ་དག་དང་བསྟུན་ཏེ་ཉམས་འདྲ་མིན་ཇི་བཞིན་སྟོན་ཐུབ་པ་ཞིག་དགོས་པས། སློབ་ཕྲུག་ཚོར་བོད་པའི་སྲོལ་རྒྱུན་གྱི་གཏམ་བརྗོད་དང་དེང་རབས་ཀྱི་གཏམ་བརྗོད། གཞན་ཡང་འཛམ་གླིང་གི་གཏམ་བརྗོད་གྲགས་ཅན་ཁག་འཁྲབ་ཁྲིད་བྱས་ཏེ། ངག་གིས་ཚོར་བ་དང་བསྟུན་པའི་སྐད་ཆ་མཐོ་དམན་བར་གསུམ་སྒྱུ་རྩལ་དང་འདྲེས་ནས་སྨྲ་ཐུབ་པ་དང་། ལུས་ཀྱིས་ངག་གི་སྐད་ཆ་དང་སེམས་ཀྱི་ཚོར་བ་གཉིས་ཀར་བསྟུན་ནས་རྣམ་འགྱུར་འདྲ་མིན་ཐད་ཀར་སྟོན་ཐུབ་པ་གཙོ་བོར་བཟུང་སྟེ། དེང་དུས་ནུབ་ཕྱོགས་ནས་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོས་སྐད་རིགས་གཉིས་ཀྱི་ཐོག་ནས་གཏམ་སྨྲ་ཐུབ་པ་དང་། ལྷག་པར་བོད་པ་རང་གི་ཁྱད་ཆོས་ལྡན་ཞིང་བོད་སྐད་དག་མ་ཞིག་གིས་སྒོ་ནས་གཏམ་བརྗོད་དང་། གཏམ་བཤད། བགྲོ་གླེང་སོགས་ཤར་མར་བཤད་ཐུབ་པ་ཞིག་བསྐྱེད་བསྲིངས་གནང་བར་འབད་པ་བྱ་བཞིན་ཡོད།

༦༽ བོད་ལ་བལྟ་སྐོར་བྱེད་པའི་ཚོགས་ཆུང་།
ནུབ་ཕྱོགས་ནས་འཚར་ལོངས་འབྱུང་བཞིན་པའི་དེང་དུས་བོད་ཀྱི་མི་རབས་གསར་བ་ཚོས་དཔེ་དེབ་ནང་གི་བོད་ཀྱི་དཔར་རིས་དང་ངོ་སྤྲོད་ཙམ་ལས། དངོས་སུ་བོད་ཀྱི་ས་རྒྱ་ཆེན་པོ་དང་། རི་ཆུ་ནགས་གསུམ། རང་བྱུང་གི་མེ་ཏོག་དང་རྩི་ཤིང་། འདབ་ཆགས།་དང་སྒོ་ཟོག གནམ་གཤིས་ཀྱི་འགྱུར་ལྡོག དེར་འཚོ་སྡོད་བྱེད་པའི་བོད་མིའི་ཚོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས། ཡ་རབས་གོམས་གཤིས། རིག་གཞུང་ཕུན་སུམ་ཚོགས་པ། སྤྱི་ཚོགས་ཀྱི་འབྲེལ་འདྲེས་དང་འདུ་འཛོམས་སོགས་དངོས་སུ་མ་མཐོང་ཚེ། ཕ་ཡུལ་ལ་དུང་ཞེན་ཟབ་མོ་དང་དགའ་སྣང་། མི་རིགས་ཀྱི་ལ་རྒྱ་བརྟན་པོ་དང་འདུ་ཤེས། རིག་གཞུང་གི་ཁྱད་ཆོས་བཟང་པོ་དང་རིན་ཐང་སོགས་ངེས་ཤེས་བརྟན་པོ་ཡོང་ཐབས་བྲལ་བས། སློབ་ཕྲུག་དང་ཕ་མའི་ཚོགས་ཆུང་ཞིག་ལོ་ལྟར་བོད་ལ་བལྟ་སྐོར་དུ་ཁྲིད་དེ་བོད་ཀྱི་ཡུལ་ཁམས་དང་། སྐྱེ་དངོས། སྒོ་ཟོག བོད་མིའི་ཡ་རབས་ཀྱི་འཚོ་བ། ཆོས་ལུགས་ཀྱི་བྱེད་སྒོ་སོགས་སུ་མྱོང་བ་དངོས་སུ་ཐོབ་བཅུག་སྟེ། དངོས་ཡོད་བདེན་འཚོལ་གྱིས་གོ་རྟོགས་ཟབ་མོ་བསྐྲུན་པའི་ལས་རིམ་བཟང་པོ་སྤེལ་བཞིན་ཡོད།